༢༠༠༩ལོའི་ཟླ་༡༡ཚེས་༩ཉིན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་བོད་སྨན་ཚན་ཁག་གསར་དུ་བཙུགས་པ་དང་དངོས་སུ་ནད་པར་ལྟ་མགོ་བརྩམས། ལོ་འདི་འགའི་རིང་སྨན་ཁང་གི་ནུས་ཤུགས་ཆེར་འགྲོ་བ་དང་བསྟུན་ནས་སྨན་ཁང་ལ་ཡོང་བའི་གྲང་ཉུང་མི་རིགས་ཀྱི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད། ཡིན་ན་ཡང་ཁོ་ཚོ་མང་ཆེ་བ་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན་པས་རྒྱ་སྐད་ཤེས་མཁན་ཉུང་ལ། སྐད་རིགས་མི་མཐུན་པས་ནད་བཅོས་སྐབས་དཀའ་ངལ་མི་ཉུང་བར་འཕྲད་བཞིན་ཡོད། དེ་བས་སྨན་ཁང་གི་མགོ་ཁྲིད་ཚོས་ནད་པའི་དགོས་མཁོ་གཙོར་འཛིན་པའི་ཞབས་ཞུའི་དམིགས་ཡུལ་དང་བསྟུན་ཏེ་སྒོ་དུ་མ་ནས་འབད་བརྩོན་བྱས་ཤིང་། ཞིང་ཆེན་འཕྲོད་བསྟེན་ཐིང་གིས་རྒྱབ་སྐྱོར་འོག་བོད་སྨན་ཚན་ཁག་དངོས་སུ་བཙུགས། ཚན་ཁག་འདིའི་ནང་དུ་ཆེད་མཁས་བོད་སྨན་འབུམ་རམས་པ་ལྷ་ཆེན་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད་པས་རྒྱ་ཆེའི་མང་ཚོགས་ལ་སྔར་ལས་སྟབས་བདེ་བཟོས་ཡོད། 

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བོད་སྨན་ཚན་ཁག་གིས་བོད་སྨན་གཙོ་བོར་བཟུང་ཏེ་ཀླད་སྙིང་ཁྲག་རྩའི་ནད་དང་མཆིན་མཁྲིས་ཀྱི་ནད། ཕོ་བའི་ནད། བྱིས་པའི་ནད། རྩ་དཀར་གྱི་ནད། རུས་ཚིགས་ཀྱི་ནད། པགས་ནད། མོ་ནད། གཅིན་སྙི་ཟ་ཁུའི་ནད་སོགས་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱེད་བཞིན་ཡོད་ལ། ལྷག་པར་དུ་ གཏར་ག་དང་རྭ་འཇིབས། མེ་བཙའ་སོགས་བོད་ཀྱི་སྲོལ་རྒྱུན་གསོ་ཐབས་ཀྱི་ལག་ལེན་བཀོལ་ནས་ནད་པའི་དགོས་མཁོ་ལྟར་གསོ་བཅོས་བྱེད་བཞིན་ཡོད།
